བྱིས་པའི་དཔའ་བོའི་འབྱུང་ཁུངས།
དེ་ཡང་ རྒྱལ་རབས་གསལ་བའི་སྒྲོན་མེ་ལས་ ཞབས་དྲུང་ཐུགས་སྤྲུལ་བཞི་པ་ངག་དབང་འཇིགས་མེད་ནོར་བུ་འདི་ ཡབ་པདྨ་གླིང་པའི་གདུང་བརྒྱུད་བསྟན་འཛིན་ཆོས་རྒྱལ་དང་ ཡུམ་གོང་མ་འཇིགས་མེད་གྲགས་པའི་ཨ་ཞེམོ་ འབྲུག་རྒྱལམོ་གཉིས་ཀྱི་སྲས་ལུ་སྤྱི་ལོ་ ༡༨༣༡ རབ་བྱུང་ ༡༥པ་ ལྕགས་ཡོས་ལོར་ ཤར་ཕོགས་དགྲ་མེད་རྩེ་ཝེན་མཁར་ལུ་ ངོ་མཚར་བའི་ལྟས་དང་བཅསཔ་སྦེ་སྐུ་འཁྲུངས། སྡེ་སྲིད་ཁྲི་རབས་སོ་བཞི་པ་ཨ་ཐངཔ་འཕྱིན་ལས་ཀྱིས་ སྐུ་ན་ཆུང་ཀུའི་བསྒང་ལས་ གཞུང་ལུ་གདན་དྲངས་ཏེ་ གོང་མའི་གསེར་ཁྲི་གུ་ ཁྲི་མངའ་གསོལ་མཛད་དེ་ ཡུན་མ་རིངམ་ཅིག་ལས་རང་ སྡེ་སྲིད་ཨ་ཐང་པ་འཕྲིན་ལས་བསྙུངས་ཏེ་སྐུ་གཤེགས་ཞིནམ་ལས་ རྗེ་འཇམ་དཔལ་གྲགས་པ་དང་ འཇམ་དཔལ་རྒྱ་མཚོ་ པདྨ་བཟང་པོ་ལ་སོགས་པ་ཡོངས་འཛིན་དམ་པ་ཚུ་ལས་ རིག་པའི་གནས་ཚུ་ལུ་གསན་བསམ་མཐར་ཕྱིན་མཛད་པའི་འཕྲོ་ཁར་ སྤུངས་ཐང་ཁར་ནང་འཁྲུགས་ལངས་ཏེ་ གཞོང་སྒར་རྫོང་དཔོན་ལྕགས་པ་སངས་རྒྱས་དམག་ལུ་ཐོན་འོང་སྟེ་ སྤུངས་རྫོང་འཕྱོག་པ་གི་མ་ཚད་ ཁོ་རའི་འདོད་པ་དང་འཁྲིལ་ཏེ་ རྡོ་རྗེ་ནོར་བུ་སྡེ་སྲིད་ཀྱི་ཁྲི་ཁར་བསྐོས་ཏེ་ ཐིམ་ཕུ་ཁ་ཐུག་ལུ་བཀྲིས་རྡོ་རྗེ་སྡེ་སྲིད་ཀྱི་ཁྲི་ཁར་བསྐོས་ཏེ་ཁག་གཉིས་འབད་ཡར་སོ་ནུག། ཡབ་ཀྲོང་གསར་དཔོན་སློབ་བསྟན་འཛིན་ཆོས་རྒྱལ་ ཆོས་རྩེ་ལས་གཞུང་ལུ་མ་སྒྲིགཔ་ཁག་གཉིས་ཀྱི་བར་ན་ཁྲི་བསྒྲིག་པར་བྱོན་ཡོདཔ་ཨིན་རུང་ གཞུང་ལུ་ལྷོདཔ་ད་གཞན་རྐྱེན་ལས་བརྟེན་ཏེ་ སྡེ་སྲིད་བཀྲིས་རྡོ་རྗེའི་ཁ་ཐུག་ལུ་ཡར་སོངམ་ལས་ ཞབས་དྲུང་འཇིགས་མེད་ནོར་བུ་ཡང་ ཡབ་ཀྱིས་སྤུངས་ཐང་རྫོང་ནང་བཞུགས་མ་བཅུག་པར་ གཞན་ཁར་བྱོན་དགོཔ་བྱུང་ཡོདཔ་པའི་ལོ་རྒྱུས་གསལ་ཡོད་རུང་ འབྲུག་དཀར་པོའི་ནང་གསེས་ཆོས་རྩེ་དཔོན་སློབ་རིམ་བྱོན་གྱི་གྲངས་སུ་ དཔོན་སློབ་བསྟན་འཛིན་ཆོས་རྒྱལ་ཟེར་བའི་མཚན་མེདཔ་ལས་ཐེ་ཚོམ་གྱི་གཞིར་གྱུར་ཡོད་རུང་ དཔོན་སློབ་བདུན་པ་དཀོན་མཆོག་བསྟན་འཛིན་ཟེར་མི་དང་ཆོས་རྒྱལ་བསྟན་འཛིན་གཉིས་མཚན་གྱི་རྣམ་གྲངས་མེན་ན་མནོཝ་ཅིག་འདུག།
གང་ལྟར་ཡང་ཞབས་དྲུང་འཇིགས་མེད་ནོར་བུ་ཡབ་ཀྱི་བཀའ་བཞིན་དུ་སྤུངས་ཐང་རྫོང་ནང་ལས་ཕྱི་ཁར་བྱོན་ངོ་མ་བདེ་བར་ཡོངས་འཛིན་པདྨ་བཟང་པོ་རྫོང་གྱི་ཕྱི་ཁར་ཆོ་ག་གནང་པར་འབྱོན་ནི་ཨིན་པའི་གནད་དོན་ལུ་ཧད་བཏགས་ཏེ་ ཧེ་མར་གདན་དྲངས། ཕག་ཞུ་མི་ཚུ་གྱིས་ཞབས་དྲུང་རིན་པོ་ཆེ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་བཞིན་དུ་ཤིང་འབྲས་ཟེར་བའི་དངོས་པོ་ཅིག་ལུ་མཚན་གསོལ་ཏེ་ དོས་ཆུང་ཀོ་ནག་ཅན་ཅིག་གི་ནང་ན་ བསམས་ཐོག་ལས་ཞུ་སྟེ་ཡབ་སྲས་གཉིས་མཇལ་འཕྲད་མཛད་པའི་སྐབས་ སྤ་རོ་དཔོན་སློབ་ཨ་རྒས་ཧཱཔ་ཚུལ་ཁྲིམས་རྣམ་རྒྱལ་ཡང་བྱོན་ཏེ་ཐུགས་དགྱེས་པའི་གསུང་གྲོས་ཡང་ལེ་ཤ་ཅིག་གནང་ཐོག་ལས་ བྱོན་ལམ་བྱི་ལི་སྒང་བརྒྱུད་དེ་ནོར་བུ་སྒང་ལུ་ཕེབས་ད་ སའི་ཚངས་པ་སྡེ་སྲིད་བཀྲིས་རྡོ་རྗེ་ཡང་ བསུ་བ་ལུ་ཕེབས་ཏེ་དཔོན་གཡོག་ལྷན་རྒྱས་ག་ར་ རྗེ་གོང་མའི་གདན་ས་རྟ་ལོག་གསང་སྔགས་ཆོས་གླིང་དགོན་པ་ལུ་བདེ་བར་ཕྱག་ཕེབས་གནང་ནུག།
དགུང་ལོ་དགུ་བཞེསཔ་ད་ བཀྲིས་ཆོས་རྫོང་ནང་བྱོན་ཏེ་ རྗེ་ཤེས་རབ་རྒྱལ་མཚན་གདན་འདྲེན་ཐོག་ལུ་ སྔོན་འགྲོ་ལས་འགོ་བཙུགས་ཏེ་ ཕྱག་ཆེན་ཆོས་དྲུག་སོགས་སྨིན་གྲོལ་གྱི་གདམས་པ་གྱངས་ཁ་མ་ཆོདཔ་ཅིག་གསན་ཏེ་ བསྟན་པའི་གཙོ་བོ་སྦེ་བཞུགས་བཞུགས་པར་ སྡེ་སྲིད་དབང་ཆེན་རྒྱལ་པོ་ཐིམ་རྫོངཔ་ཚེ་དབང་གིས་བཀྲོངས་ ཐིམ་རྫོངཔ་ཚེ་དབང་ཡང་ དབང་རྫོངཔ་ ལྕགས་པ་སངས་རྒྱས་ཀྱི་ལག་པར་མ་ཤོར་བར་ཡོདཔ་ལས་ དགེ་འདུན་པ་དམངས་དང་ སྤ་རོ་དཔོན་སློབ་ ཨ་རྒས་ཧཱཔ་གཉིས་ཀྱིས་ ཞབས་དྲུང་འཇིགས་མེད་ནོར་བུ་སྡེ་སྲིད་མཛད་དགོཔ་འབད་གསོལཝ་བཏབ་བཞིན་དུ་ ཞབས་དྲུང་དགུང་ལོ་ ༢༠ སྤྱི་ལོ་ ༡༨༥༠ རབ་བྱུང་ ༡༥པ་ གནམ་ལོ་ལྕགས་ཁྱི་ལོ་ལུ་ སྡེ་སྲིད་ཁྲི་རབས་སོ་དགུ་པའི་ཁྲི་ཐོག་ཁར་ ཆིབས་གྲལ་བཙར་སྟེ་བྱོནམ་ད་འབྲེལ་ དཔོན་སློབ་ཨ་རྒས་ཧཱཔ་གིས་ ཕྱི་ལྟར་དེ་ཁར་འཛོམས་པའི་མི་ཚུ་ལུ་སེམས་ཡེངས་བཅུག་ནི་དང་ ངལ་མ་རངས་པའི་ལྕགས་པ་སངས་རྒྱས་ཀྱི་ཕྱོགས་གཏོགས་དགྲ་བྱང་ཕྱད་ཚུ་ལས་ སྲུང་སྐྱོབ་ཀྱི་དོན་ལུ་ བྱིས་པའི་དཔའ་བོ་རྐྱབ་མི་ མི་གཉིས་ཀྱིས་གྱལ་གཡས་གཡོན་ལས་ཡར་མར་བརྗེ་སྟེ་ འཆམ་གྱི་ལེའུ་བསྒྱུར་བརྫུ་བཏབ་སྟེ་ མི་ཚུ་ཕར་བདའ་ཚུར་བདའི་ཐོག་ལས་ སྲུང་སྐྱོབ་འབད་བའི་ཚུལ་དང་ ནང་ལྟར་དུ་མི་འཇིགས་པའི་དཔའ་བོའི་མཐུ་སྟོབས་ཕྱི་ཁར་བཏོན་པའི་རྟགས་མཚན་དང་ རྟེན་འབྲེལ་གྱི་ཆེ་བ་ལུ་དགོངས་ཏེ་ བཀྲིས་ཆོས་རྫོང་གི་ཕྱི་ཁར་ ཐང་རྫོང་ནང་སར་༼ད་རས་ནངས་པ་གཞི་གཡོགཔ་ཚུའི་སྣུམ་འཁོར་བཞག་ས༽ ཐང་ལ་བདེཝ་འགོར་ཐོག་ལས་ བྱིས་པའི་དཔའ་བོ་ཟེར་བའི་སྲོལ་ཁྱུན་འགོ་ཐོག་དེ་བསྒང་ དཔོན་སློབ་ཧཱཔ་གིས་བཙུགས་གནང་པའི་ལོ་རྒྱུས་ཨིན་མས།