ཨ་ཙ་རའི་རྒྱབ་ཁུངས།

ATSARA

 སྐུ་གཟུགས་བཟང་པོ་ ད་རེས་རང་ལུགས་ལམ་སྲོལ་གྱི་ལས་རིམ་ནང་ལུ་ ཨ་ཙ་རའི་སྨྱོན་འཆམ་གྱི་སྐོར་ལས་ ལས་རིམ་ཅིག་ཞུ་ནི་ཨིན།

ཨ་ཙ་རའི་མྱོན་འཆམ་ཟེར་མི་འདི་འཆམ་རྐྱབ་པའི་སྐབས་ལུ་མེད་ཐབས་མེདཔ་ཅིག་ཨིན་མས། འཆམ་འདི་རྒྱ་གར་གྱི་གྲུབ་ཐོབ་དང་ རྣལ་འབྱོར་པ་ཚུ་གི་ མཛད་སྤྱོད་ལུ་ གཞི་བཞག་སྟེ་ མཛད་མཛདཔ་ཅིག་ཨིན་པས། འབྲུག་ལུ་སྒྲོམ་མཆོད་ཚེས་བཅུའི་སྐབས་ལུ་ ཨརྩ་ར་གིས་ཚུལ་མིན་གྱི་སྤྱོད་པ་སྣ་ཚོགས་འབད་ སྟོན་མི་དེ་ཡང་ ཆོས་ཉིད་ཀྱི་དོན་ མངོན་སུམ་ལུ་རྟོགས་པའི་གྲུབ་ཐོབ་ཚུ་གིས་ ལེགས་ཉེས་དང་ གཙང་བ་དེ་ལས་བཙོག་པ་ བཟང་ངན་གྱི་དབྱེ་བ་ འཇིག་རྟེན་པ་ལུ་ཡོད་པའི་རྣམ་རྟོག་ག་ར་སྤངས་ཏེ་ འཇིག་རྟེན་ལས་འདས་པའི་ འཁོར་འདས་རོ་མཉམ་གྱི་སྤྱོད་པ་ལུ་བཞུགས་པའི་བརྡ་མཚོན་ལུ་ ཕྱི་སྐྱ་གཏམ་དང་ ནང་དོན་གཏམ་གྱི་སྤྱོད་པ་སྣཚོགས་སྟོན་པའི་ཚུལ་སྟོནམ་ཨིན་མས།

ཨ་ཙ་ར་ཟེར་མི་འདི་ ཧེ་མ་ རྒྱ་གར་འཕགས་པའི་ཡུལ་ལུ་ གྲུབ་ཐོབ་བརྒྱད་དང་ཅུ་ཚུ་ གྲུབ་པའི་དབང་ཕྱུག་ཆེན་པོ་ བསམ་གྱི་མི་ཁྱབ་ཅིག་བྱོན་མི་ཚུ་མང་ཤོས་ཅིག་ རྒྱལཔོ་དང་བློན་པོའི་སྲས་ ལ་ལུ་ཅིག་ནི་ བྲམ་ཟེ་ཆེན་པོའི་བུ་ ཡོན་ཏན་སྟོབས་སྦྱོར་མངའ་ཐང་ཆེ་བའི་རིགས་ལས་བྱུང་མི་ཙང་ཙ་ཨིན་པས། མཁས་པ་འདི་ཚུ་ ཚེ་ད་ལྟོའི་བྱ་བ་ག་ར་ སྙིང་པོ་ཏིལ་གྱི་པགས་ཀོ་བཟུམ་ཅིག་ཡང་མེདཔ་འབད་མཐོང་སྟེ་ ཕམ་སྤུན་ཆ་ཚུ་གིས་ བཀག་ཆ་འབད་རུང་བཀག་མ་ཚུགས་པར་ ཚེ་འདི་དང་ཕྱི་མ་གཉིས་ཆ་ར་ལུ་ཕན་པའི་དམ་པའི་ཆོས་གྲུབ་པར་བྱོན་ཏེ་ མདོ་སྔགས་རིག་པའི་གནས་ལུ་མཁས་པར་སྦྱངས་ཏེ་གྲུབ་པ་ཐོབ་ཡོད་མི་ཚུ་ཨིན་པས། དེ་ལས་འཇིག་རྟེན་གྱི་སྣང་བ་ལུ་ འཛིན་པ་མེད་པའི་ས་ལུ་ཞུགས་པའི་བརྡ་ཚོན་ལུ་ འཆོལ་ལོང་དང་མཉམ་ཆུང་གི་ཆས་སྒྲིག་སྟེ་བཞུགས་ནི་འདི་གིས་ གྲུབ་ཐོབ་ཆེན་པོ་ཨ་ཅརྱ་ཟེར་ཞུ་སྲོལ་ཡོདཔ་ཨིན་རུང་ ཡོངས་གྲགས་ལུ་ཨ་ཙ་ར་ཟེར་དར་ཁྱབ་ཡར་སོ་ནུག།

མ་གཞི་ང་བཅས་རའི་རྒྱལ་ཁབ་ནང་ སྒྲོམ་མཆོད་ཚེས་བཅུའི་སྐབས་ལུ་ ཨ་ཙ་ར་གིས་ སྔར་གྱི་ཁྱུན་དང་འཁྲིལ་ཏེ་ འབད་སྲོལ་མ་འདྲཝ་ལེ་ཤ་ཡོད་མི་འདི་ཁུངས་དོན་སྦོམ་ཡོད་རུང་ ང་བཅས་ར་ལྟདམོ་བལྟ་མིའི་སྣང་བ་ལུ་ དགོད་བྲ་བསྒྱུར་དོ་བཟུམ་ཅིག་ལས་བརྒལ་ཏེ་ རྒྱུ་མཚན་ལྡན་པའི་ཁུངས་དོན་མ་ཤེས་ནི་འདི་གིས་ གུས་བཀུར་ཆུང་དོ་ཡོདཔ་ཨིན་པས། ཨིན་རུང་ སྤྱི་ལོ་༢༠༡༤ལུ་ རྒྱལ་གཞུང་ཟློས་གར་སློབ་སྦྱོང་སྤེལ་ཁང་གིས་འགོ་འདྲེན་ཐོག་ལུ་ ཨ་རྩ་ར་རྐྱབ་ནིའི་ཉམས་མྱོང་ཡོད་མི་དང་ ལམ་སྲོལ་གྱི་མཁས་དབང་ཚུ་ གྲོས་འཛོམས་ཀྱི་ཐོག་ལས་ སྤྱིར་བཏང་ཨ་ཙ་རའི་སྒྲིག་གཞི་དང་ ཨ་ཙ་རའི་ལཱ་འགན་དང་ཐོབ་དབང་ཚུའི་སྐོར་ལས་ གྲོས་འཛོམས་ཅིག་འབད་ཏེ་ཡོདཔ་ལས་ སྤྱིར་བཏང་ཨ་ཙ་ར་ཟེར་བའི་གོ་དོན་འདི་ ག་ཅི་ཨིན་ན་དང་ ཨ་ཙ་ར་ཐོན་དགོ་པའི་འབྱུང་ཁུངས་ཀྱི་སྐོར་ལས་བཤད་མི་ནང་་ཨ་ཙ་རའི་ལ་འགན་ངོ་མ་ཅིག་ཡང་ ་འཆམ་རྐྱབ་པའི་སྐབས་ལུ་ཞལ་འབགཔ་ཚུ་ལུ་ སྟབས་མ་བདེཝ་རེ་འཐོནམ་ད་ འཆམ་ཆས་བཅོ་ནི་དང་ ཞལ་འབགཔ་གི་ཐགཔ་བསྡམ་ནི་ཚུ་ལུ་ ཆ་རོགས་འབདཝ་ཨིན་པས། གསང་བ་ལྟར་དུ་འབད་བ་ཅིན་ གར་འཆམ་མཇལམི་ཚུ་ལུ་ འཇིག་རྟེན་་པའི་ལྟར་སྣང་ལུ་ དགྲ་གཉེན་དང་བཟང་ངན་གྱི་དབྱེ་བ་ཡོདཔ་སྦེ་མཐོང་ཏེ་འབད་རུང་ དོན་ལུ་རང་བཞིན་གྱིས་གྲུབ་སྟེ་མེད་པར་ ག་ར་སྟོང་པ་ཉིད་ཀྱི་ངོ་བོ་ལས་ མ་འདསཔ་ཅིག་ཨིན་ཟེར་གསལ་སྟོན་འབད་བའི་ཚུལ་ཨིན་པས། ཨིན་རུང་སྤྱིར་བཏང་འཆམ་རྐྱབ་པའི་སྐབས་ འཆམ་གྱི་་རིགས་དང་འཁྲིལ་ཏེ་ ཨ་ཙ་ར་ཚུ་གིས་འབད་དགོ་པའི་ལཱ་འགན་ཚུ་ཡང་ལེ་ཤ་ཅིག་རང་ཡོདཔ་ཨིན། དེ་ཚུ་ ད་ལྟོ་ཚུན་ཚོད་ངག་རྒྱུན་གྱི་ཐོག་ལས་མ་གཏོགས་ ལོགས་སུ་སྦེ་ཡིག་ཐོག་ལུ་བཀོད་བཀོདཔ་ཅིག་ ག་ཏེ་ཡང་མེདཔ་་ཨིན་པས།

ག་ཅི་འབད་ཡིག་ཐོག་ལུ་བཀོད་དགོཔ་ཨིན་ནའི་སྐོར་ལས་སླབ་མི་འདི་བཙུགས་ནི།

ཨ་ཙ་རའི་སྤྱོད་པ་འདི་ཡ་མཚན་ཆེ་བའི་ གཞི་ཅིག་ཨིནམ་ལས་ ཕྱི་འཇིག་རྟེན་ཡོངས་གྲགས་ཀྱི་སྣང་བ་ལུ་ ཕམ་བུ་གཞི་དང་མི་མང་འཛོམས་ས་ལུ་ ཁྲེལ་དང་ངོ་ཚའི་སྣང་བ་ག་ནི་ཡང་མེད་པར་ དགོད་བྲ་བའི་ཚུལ་ལུ་རྣམ་འགྱུར་འདྲ་མི་འདྲ་ལེ་ཤ་སྟོན་མི་འདི་ འཇིག་རྟེན་པའི་འཛིན་པ་འདི་ དག་པའི་སྣང་བ་ལུ་ངོ་སྤྲོད་འབད་བའི་ཚུལ་སྟོནམ་ཨིན་མས། འབྲུག་རྒྱལ་ཁབ་ནང་ལུ་ཨ་རྩ་ར་་ལུ་རིགས་མ་འདྲཝ་ག་དེ་ཅིག་ཡོདཔ་ཨིན་ན་དང་ནམ་ལས་འབྱུང་འབྱུངམ་ཨིན་ནའི་སྐོར་ལས་བཤད་མི་ནང་་་་་་

འཇིག་རྟེན་པའི་དཔྱེ་གཏམ་ལུ་ རྒྱལཔོ་རེ་ལུ་ཁྲིམས་ལུགས་རེ།། བླམ་རེ་ལུ་ཆོས་ལུགས་རེ།།ལུང་པ་རེ་ལུ་ལུགས་སྲོལ་རེ་ཟེར་སླབ་སྲོལ་ཡོད་དོ་བཟུམ་སྦེ་ ཨ་ཙ་རའི་སྨྱོན་འཆམ་འདི་ཡང་ རྫོང་ཁག་དང་ལུང་ཕྱོགས་སོ་སོ་ལུ་ རང་སོའི་སྔར་སྲོལ་ལམ་ལུགས་དང་འཁྲིལ་ཏེ་ ཨ་རྩ་རའི་ལ་འགན་དང་བྱ་སྤྱོད་འདི་ཚུ་ དམིགས་བསལ་ལུ་མ་འདྲཝ་ཨ་རྩི་རེ་ཡོད་རུང་ སྤྱིར་བཏང་ཨ་རྩ་རའི་ཀུན་སྤྱོད་རྣམ་གཞག་འདི་ གཅིག་མཚུངས་སྦེ་ཡོདཔ་ཨིན་་མས། དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ སྔོན་བྱོན་རྒྱལ་བ་གོང་མ་ཚུ་གི་སྦས་གནས་ཁྱད་པར་ཅན་ལུ་བྱིན་གྱི་རླབས་པའི་གནས་ཆེན་ རྫོང་གཞིས་དང་ལྷ་ཁང་དགོན་སྡེ་ཚུ་ནང་ ལོ་བསྟར་བཞིན་དུ་ བྱིན་རླབས་ཅན་གྱི་ཚེས་བཅུ་བཟུང་སྲོལ་ཡོདཔ་ཨིན། འདི་ནང་ཨ་ཙ་རའི་སྨྱོན་འཆམ་རྐྱབ་མི་འདི་ མི་མཁས་པ་རྟོགས་པ་ཉམས་ལེན་སྦོམ་ཡོད་མི་རྐྱངམ་ཅིག་གི་འབད་ཆོགཔ་ཨིན་རུང་ད་རེས་ནངས་པའི་ན་གཞོན་ཚུ་གི་ཨ་རྩ་རའི་འབགཔ་བཙུགས་སྟེ་འཆམ་རྐྱབ་མི་འདི་ མི་གང་རུང་ཅིག་གི་ཡང་འབད་བཏུབ་ཟེར་་བའི་བསམ་འཆར་བཀོད་མི་ཡང་འདུག།

དེ་བཟུམ་མའི་དུས་སྟོན་ཚེས་བཅུའི་སྐབས་ སྤྲུལ་པའི་ལྷ་དང་ལྷ་མོ་དང་ གཤིན་རྗེ་ལས་མཁན་གྱི་རྣམ་པ་སྦེ་བྱོན་མི་ག་ར་ མི་མང་ལུ་མཇལ་ཁ་གནངམ་ད་ གྲུབ་ཐོབ་པའི་སྤྱོད་པ་ཚུལ་འཛིན་མི་ ཨ་ཙ་ར་ཚུ་གིས་ཡང་ངོ་ཚ་དང་བྲལ་བའི་ རྣམ་པ་དགོད་བྲོའི་ཐོག་ལས་ མི་མང་ལུ་གཟིགས་འབུལ་ཞུ་ཡོདཔ་ཨིན། ཨིན་རུང་ ད་རེས་ནངས་པ་རྒྱལ་ཁབ་གོང་འཕེལ་གྱི་འགྲོས་དང་བསྟུན་ཏེ་ འབྲུག་པའི་དགོས་འདོད་འབྱུང་བའི་གཞི་མ་ སྔར་སྲོལ་བཟང་པོའི་ གཏེར་གྱི་གང་མི་འདི་ རིམ་གྱིས་འགྲིབ་པའི་ཚ་གྱང་འདི་རྒས་ཤོས་ཚུ་ལུ་སྦོམ་འབད་ལང་འདི་ཡོདཔ་ལས་ གེ་ར་གི་བདག་འཛིན་འབད་དགོཔ་འདི་གལ་ཆེ་ཟེར་ཞུ་ནི་ཨིན། བཀྲིན་ཆེ། ཞིབ་འཚོལ་དང་ཟིན་བྲིསཔ་ བསོད་ནམས་ལྷ་མོ།